གྱ་སྟོན་དུ་ཕུལ་བའི་རྟོགས་བརྗོད་འཛམ་བུའི་འཁྲི་ཤིང་།

བདེ་ཆེན་འཁོར་ལོར་པད་དཀར་འདབ་མ་བཞད།།

སྙིང་རྗེའི་རང་གཟུགས་སྤྲུལ་པའི་ལྷ་ཞལ་འཛུམ།།
ཐུགས་བསྐྱེད་ཟླ་བ་བཞུས་པའི་རླབས་རིས་ལས།།
འཕྲིན་ལས་འོད་དཀར་ཕུང་པོ་སྲིད་འདིར་འབར།།

གཡས་འཁྱིལ་དུང་གི་ལྷག་བསམ་སྒྲ་དང་བསྡེབས།།

གཞན་ཕན་ཉི་མའི་འོད་ཟེར་ཐུགས་དང་བསྲེས།།
ཀུན་ཤོང་ལྟ་བ་ནམ་མཁའི་ཀློང་དང་འདྲེས།།
སྐུ་ཚེའི་གཡུང་དྲུང་འོད་དུ་སྦྲུམ་པར་མཛད།།

དུས་གསུམ་ལྷ་གཤེན་ཐུགས་རྗེའི་ཉག་ཐག་ལ།།
དད་པའི་ཕྱག་གིས་དམ་དུ་འཇུས་ནས་སུ།།
སྒོ་མཛོད་ཐེག་དགུ་རྟོགས་པའི་མེ་ཆེན་པོ།།
མི་ནུབ་སེམས་ཀྱིས་གསོས་པའི་རྣམ་ཐར་ཟབ།།

ཆོས་རིག་གྲུབ་མཐའི་དཔུང་གི་གཡུལ་ས་ནས།།
མེས་པོའི་དབུ་རྨོག་ཐང་དུ་གཡུག་པའི་དུས།།
བདེན་དོན་འཕྲུལ་ངག་བོན་གྱི་མདའ་མོ་ཡིས།།
མི་མཐུན་གཡུལ་ལས་རྒྱལ་བའི་བཙན་ས་བཟུང་།།

གཅེས་འཛིན་ཕྱོགས་སུ་ལྷུང་བའི་མདུང་མོ་ཡིས།།
རྒྱལ་རབས་དར་ཆེན་ཕུག་པའི་བུ་ག་རྣམས།།
གཏན་ཚིགས་གསེར་གྱི་སྐུད་པས་བསྒྲིལ་དང་ལྷན།།
ལོ་རྒྱུས་བྲག་གི་མཁར་རྫོང་མཐོན་པོ་བརྡུང་།།

ཕྱག་གི་སྨྱུག་རྩེས་དྲངས་པའི་ཞིང་ཁམས་སུ།།
དབྱངས་ཅན་ངག་གི་རྒྱུ་རྩལ་འཕྲུལ་དུ་བསྟིམས།།
རྩོམ་གྱི་འདོད་དགུའི་བང་མཛོད་བདག་མཛད་པོ།།
ཚངས་པའི་སྲས་ཞིག་མཁའ་ནས་དོག་ལ་ཕེབས།།

བསོད་ནམས་མར་ཞི་སྤུངས་པའི་རི་བོ་ནས།།
ཡོན་ཏན་ནོར་བུའི་སྦྱིན་བརྒྱ་ཕྱོགས་མེད་བརྡོལ།།
སྐལ་བཟང་དགེ་བས་བཏེགས་པའི་བུ་སློབ་ཚོགས།།
བློ་གྲོས་སྣང་བ་གསར་པས་ཚིམས་པར་མཛད།།

དགེ་ལེགས་སེམས་ཀྱི་གཏེར་ཁ་ཕྱུག་པའི་གཞིར།།
ལྔ་རིག་གངས་དཀར་ཆབ་ཀྱི་བཞུར་རྒྱུན་ལས།།
ལེགས་བཤད་རྒྱ་མཚོ་འཁྱིལ་བའི་རླབས་རིས་སུ།།
གསུང་འབུམ་ཟླ་བའི་ཕྲེང་བ་ཚར་དུ་བསྟར།།

བྱ་བ་དྲུག་གི་འཁོར་ལོའི་མུ་ཁྱུད་ལ།།
བཤད་སྒྲུབ་སྒོམ་གསུམ་ནོར་བུའི་རྩིབས་སྟོང་འཛིན།།
མཁས་པའི་མཚན་སྙན་དར་གྱི་འཕུར་འདབ་ཅན།།
ཁྱེད་ཀྱི་བྱམས་སྙིང་ཞི་བདེས་གཞན་སེམས་བཏུལ།།

དེ་ལྟར་མཛད་རྣམ་འོད་ཀྱི་གོང་བུ་ལ།།
བརྒྱད་ཅུའི་རྟེན་འབྲེལ་བསྒྲིགས་པའི་སྐལ་བཟང་ཚེས།།
ཀི་བསྭོ་ལྷ་རྒྱལ་འཐེན་པའི་ཀླུང་རྟ་དར།།
ཉི་ཟླ་སྐར་གསུམ་འཛོམ་པའི་ཤིས་ཚིག་སྒྲོན།།

དྲན་སེམས་རི་མོ་བཀྲ་བའི་གསས་ཁང་ནས།།
བཀྲ་ཤིས་མཚན་མ་བརྒྱད་ཀྱི་རྟེན་འབྲེལ་བསྒྲིགས།།
རིན་ཆེན་ནོར་བུ་བདུན་གྱིས་བླ་ན་བཀུར།།
འདོད་ཡོན་རྣམ་པ་ལྔ་ཡི་མཆོད་སྤྲིན་འབུལ།།

རྟོགས་བརྗོད་མེ་ཏོག་ཕུལ་བའི་བསོད་ནམས་དེས།།
གང་སྐུ་ལྷུན་པོ་བརྟན་ཞིང་འགྱུར་མེད་པར།།
བོན་གྱི་རྣམ་འདྲེན་བརྒྱ་པའི་མགོན་པོ་ཡི།།
གསང་གསུམ་དགེ་ལེགས་ལྷུན་འགྲུབ་མཐར་ཕྱིན་ཤོག།

ཅེས་མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོ་དཔལ་བཟང་པོ་མཆོག་གིས་ཞིང་འདིར་གསང་གསུམ་གྱི་མཛད་འཕྲིན་བསྐྱངས་ནས་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་དུ་གང་གི་མཛད་རྣམ་གྱི་ཆ་ཙམ་ལ་རྟོགས་པ་བརྗོད་པ་འདི་ཉིད་ཁོ་བོ་ཧོར་ཚང་དྲང་སྲོང་དགེ་བཤེས་བསམ་གཏན་གཙུག་ཕུད་ནས་སོར་བཅུ་འདབ་མས་སྐྱེས་སུ་བཏེགས་ཏེ་ཕུལ།། །།ཕྱི་ལོའི་༢༠༡༣ཟླ་༡༠ཚེས་༠༨ཉིན།

Advertisements

དགོངས་ཚུལ་ཞོགས།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

w

Connecting to %s