བརྒྱད་ཅུའི་བརྟན་བཞུགས་གཡུང་དྲུང་ལྷ་རིས།


འོད་དུ་འཚེར་བའི་ལས་དབང་ཞིག་གིས་སྐུ་ཉིད་འཇིག་རྟེན་འདིར་གདན་དུ་དྲངས།
དུད་སྤྲིན་གྱིས་གཏམས་པའི་རྒྱ་མཚོར་ལན་གཅིག་གཟིགས། དུས་དེར། སེམས་ཁོང་ན་སྦར་བའི་སྒྲོན་མེའི་འོད་མདངས་དེ་ཡང་མུན་ནག་ཏུ་འགྱུར་ལ་ཁད། འོན་ཀྱང་། ཞོགས་པའི་མཚམས་སྤྲིན་གྱིས་བསུས་པའི་ཉི་མའི་འོད་ཟེར་རྒྱས་དུས། གཡུང་དྲུང་གི་ས་ཆེན་པོའི་ཀློང་དུ་རྣམ་ཤེས་ཀྱི་མྱུ་གུ་གསོན་པོ་ཞིག་འཇིག་རྟེན་འདིར་བུས་འགོ་ཚུགས། རིམ་བཞིན་སྒོ་ཐེམ་ཀྱི་ལ་མོ་བརྒལ་དུས་ཀ་ཁ་ག་ངའི་སྐྲས་གདང་ལས་ཇི་ལྟར་འཛེགས་མིན་མི་ཚོར་བར་བསྭོ་ཐུན་ཉེ་ལོའི་སྒྲ་དབྱངས་ངག་ལ་བྱང་། བཀའ་དྲིན་ཅན་དེ་ཚོས་ཚུལ་ཁྲིམས་ཀྱི་ས་གཞིའི་ཐོག་ཏུ་ཕྱི་ནང་གསང་གསུམ་གྱི་དམུ་ཡད་ནོར་དུ་སྤུངས་ནས་སྤྲུལ་པའི་སྐུ་ཡི་མིང་བྱང་ཞིག་ཁྱེད་དང་ལྷན་དུ་ལུས་དང་གྲིབ་མ་བཞིན་འགྲོགས་སུ་བཅུག
དེ་ནས་བཤེས་གཉེན་མང་པོའི་སེམས་ཁོངས་སུ་འཁྱིལ་བའི་བདུད་རྩི་སྟེ་ཁྱེད་ཀྱི་ཐུགས་དམ་གསོ་བའི་ལྟ་སྒོམ་ཉམས་ལེན་དེ་ཚོས་གཞོན་དུས་ཀྱི་ལང་ཚོ་ལ་འོད་མདངས་བྱིན།
རེད་དེ། ལས་དབང་གི་རྦབ་རྡོ་ཐུར་དུ་འགྲིལ་དུས་སྒོ་གསུམ་ལ་བཅད་རྒྱ་ཐེབས་ཏེ་དཀའ་ཚེགས་ཀྱི་བརྒྱུད་རིམ་བཤར་དགོས་བྱུང་བ་ནི་ལྡོག་ཏུ་མེད་པའི་ལས་དབང་ཞིག་ཏུ་བརྩི། འོན་ཀྱང་རིག་གནས་ལ་བཅང་བའི་དུང་ཞེན་དེས་བདེ་ས་དང་ཡང་ས་ཞིག་ཏུ་གདན་འདྲེན་ཞུས་ཡོད་པ་ནི་ལྷ་བོན་སྒོ་བཞིའི་ནུས་སྟོབས་དང་ཕྲིན་ལས་ལ་གས་ཆག་གི་རི་མོ་ཐེབས་མེད་པའི་རྟགས་སུ་ངེས།

དུས་ཀྱི་སོ་མཚམས་ཧར་གྱིས་བྱེ་དུས་ནོག་ཏུ་མེད་པའི་ཚེ་ཡི་རི་མོས་དབུ་ཐོད་དུ་དྲི་རྟགས་བཀོད་ཡོད་ཀྱང་སེམས་ལ་བདེ་ཚོར་དང་སྤོབས་པ་ཞིག་གིས་མཐོ་ས་རུ་བཀྱགས་འདུག་པ་ནི། ཁྱེད་ཀྱི་འགྱུར་མེད་ཀྱི་སེམས་ཁོང་དུ་འོད་དུ་འབར་བའི་ལྷག་བསམ་གྱི་སྒྲོན་མེ་ཞིག་དང་། བྱམས་སྙིང་གི་འོད་མདངས་ཤིག དེ་བཞིན་རིག་པའི་རླབས་རིས་ཤིག་གིས་ཁྱེད་ཀྱི་སྣང་བརྙན་འོད་ཀྱི་སྐུ་རུ་བཞེངས་འདུག་པ་དེས་རེད། ཉི་མ་དེ་ནས། དུས་ཚོད་དེ་ནས། སེམས་ཀྱི་སྒྲོན་མེ་དེ་གཏན་དུ་ནུབ་མ་མྱོང་བ་མ་ཟད་མཐོ་ས་རུ་བཏེགས་ནས་ཆགས་སྡང་གི་རི་བོ་མནན་ཞིང་ཞི་བདེ་ཡི་ཐང་ཆེན་བསྐྲུན་ཡོད་ལ། དམའ་ས་རུ་བསྣམས་ནས་གློག་འོད་ཀྱི་ཚབ་མཚོན་གནང་སྟེ་མུན་ནག་ཏུ་ལུས་པའི་སྐྱེ་འགྲོ་རྣམས་ལ་བདེ་སྐྱིད་ཀྱི་ལམ་བུ་སྦྱིན་མྱོང་ཡོད།

ཀྱེ་ཀྱེ། ལྷ་ཡི་རྗེ་བོ། ཁྱེད་ཀྱི་ལྷག་བསམ་གྱི་མེ་དང་། ཕན་བདེའི་ཕྱག བདུད་རྩིའི་ཟས་སྐོམ་དེ་ཚོ་སྐད་ཅིག་ཙམ་ལའང་མཚམས་འཇོག་མྱོང་མེད་ལ་རྒྱུན་ཆད་མྱོང་མེད་པ་ནི་ཅི་འདྲའི་མཛའ་ཞིང་བརྩེ་འོས་པ་ཞིག་མིན་ནམ། དེ་ལྟར་ཁྱེད་ཀྱི་སྒོ་གསུམ་ལ་ཐིམ་པའི་བྱང་སེམས་ཀྱི་མཛད་སྤྱོད་དེ་ཉིད་ནད་པའི་ལུས་ཟུངས་ལ་དྲངས་ནས་དྲོད་སྐྱིད་ཀྱི་གསོན་ཤུགས་སྦྱིན་མྱོང་ལ། ཞ་བོའི་རྐང་པ་རུ་དྲངས་ནས་ཚིགས་བཞིའི་ལྷུ་ལག་བསྒྲིགས། འོན་པའི་རྣ་བ་རུ་དྲངས་ནས་བདེ་ཚོར་གྱི་མངར་ཁ་བྱིན། ལོང་བའི་མིག་སྒོར་བསྟན་ཏེ་འོད་སྣང་གི་ཞིང་ཁམས་སུ་བལྟ་རུ་བཅུག ལྐུགས་པའི་ལྕེ་རྩེར་བསྟབ་ནས་སྨྲ་བའི་ངག་སྒོ་དལ་གྱིས་ཕྱེས། དེ་དང་དེ་བཞིན་བརྗོད་མི་ཚར་བའི་ངོ་མཚར་གྱི་གསང་གནད་མང་ལ་བཤད་མི་ཤེས་པའི་ལེགས་ཚོགས་ཀྱི་འཕྲིན་ལས་ཟབ། དེ་ལྟར་འོད་མདངས་ཀྱིས་འཁྱུད་པའི་ལམ་བུ་དེ་ནི་ཁྱེད་ལ་ལྟོས་ཏེ་ལས་ཀྱིས་བྱིན་པའི་ཁུར་པོ་ཞིག་ཡིན་སྲིད་ལ། ཁོ་ཚོར་ལྟོས་ན་རེ་བ་ཞིག་དང་། གཟི་བརྗིད་ཅིག དྲོད་སྐྱིད་ཅིག་ཏུ་གྱུར་ཡོད་པ་ནི་ཅི་སྨོས།

སྐབས་དེ་ཤེད་དུ་ཁྱེད་ལ་མཁས་འདུག་ཟེར་ནས་མིང་གི་བྱང་བུས་གནམ་ལ་བཀྱགས་ནས་ཉི་ཟླ་དང་ལྷན་དུ་བསྒྲིགས་ཀྱང་ང་རྒྱལ་གྱི་དྲེགས་སེམས་མ་སྐྱེས་ལ། བཙུན་འདུག་ཟེར་ནས་དད་ཕྱག་ཟླུམ་པོས་ལྷ་རུ་བཀུར་ཡང་མི་དང་ལོགས་སུ་གྱེས་མྱོང་མེད། ལམ་ཁ་དེ། གྲུབ་མཐའ་དེ། རིག་གཞུང་དེ་ནས་ཕེབས་ཏེ་ད་བར་བགྲངས་བྱ་བརྒྱད་ཅུའི་འཁོར་ལོ་ཁྲིག་གེར་འཁོར་ཡོད་པ་འདི་ནི་དཀའ་བའི་ཚེགས་ཀྱིས་བསྐྲུན་པའི་བརྒྱད་ཅུ་ཞིག་གམ། དཀོན་པའི་ནོར་གྱིས་བཏེགས་པའི་བརྒྱད་ཅུ་ཞིག འདི་ནི་དྲི་རྟགས་ཤིག་ཏུ་གྱུར།

དེ་ལས་གཞན་དུ། ཡིན་ངེས་པ་ཞིག་ལ་བརྒྱད་ཅུ་འདི་ནི་གཅེས་སེམས་འོ་མ་འཕྱུར་བའི་རླབས་རིས་ཤིག་དང་། བསླབ་གདམས་རུམ་དུ་བཅུག་པའི་དྲི་བཟང་ཞིག དམ་ཚིག་སྲོག་ཏུ་བསྔོས་པའི་རྡོ་རིང་ཞིག ལས་འབྲས་བླ་རུ་བཀུར་བའི་ངོ་སོ་ཞིག ཉམས་ལེན་ཁོང་དུ་བསྟིམས་པའི་གཟི་བརྗིད་ཅིག རིག་གཞུང་ཟས་སུ་ཟོས་པའི་སྣུམ་ཞགས་ཤིག དེ་དང་དེ་བཞིན་དགེ་ལེགས་བྱེ་བས་བསྐྲུན་ཞིང་གཟི་བརྗིད་འབུམ་གྱིས་ཕྱུག་པའི་ངོ་གྲངས་བརྒྱད་ཅུ་ཞིག་ཡིན་པ་ནི་བརྗོད་དུ་མེད་པའི་ངོས་འཛིན་ཞིག་ཏུ་ཁུམས།

ད་དུང་རེ་བས་ཕྱུག་པའི་མིག་ཞགས་དང་། འདུན་པས་བཞག་པའི་སྨོན་ལམ་ཞིག་གིས་སྐུ་ཉིད་ཀྱི་སྐུ་ཚེ་ལ་གཡུང་དྲུང་གི་རི་མོ་རྐོ་བཞིན་ཡོད་ལ། མི་ཤིག་པའི་གསས་མཁར་རྩེག་བཞིན་ཡོད་པས་དེའི་ཕྱིར་ཡུན་ནས་ཡུན་དུ་བཞུགས་ཤིག གཞོན་ནས་གཞོན་དུ་སྤྲུལ་ཞིག ད་དུང་ནད་པའི་ཚེ་སྲོག་གིས་རེ་བ་ཁྱེད་ལ་བཅོལ་བཞིན་འདུག་ལ། འདས་པོའི་ལམ་སྟོན་གྱི་སྐུལ་མ་ཁྱེད་ལ་ཞུ་བཞིན་སྣང་། དེས་ན་བདག་སོགས་སེམས་ཅན་རྣམས་ཁྱེད་ཀྱི་ཐུགས་རྗེས་བཟུང་དུ་གསོལ། ཐུགས་རྗེས་དྲོང་དུ་གསོལ། ཐུགས་རྗེས་སྐྱོབ་ཏུ་གསོལ།
ཞེས་དཀའ་ཐུབ་ཀྱི་སེམས་དཔའ་ཆེན་པོ་སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་གིས་ཞིང་འདིར་གསང་གསུམ་གྱི་མཛད་འཕྲིན་བསྐྱངས་ནས་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་དུ་བརྡ་སྤྲོད་ཀུན་བཤད་ཀྱི་མིང་དུ་སྨྲ་དབང་རིག་པའི་གོ་ཆ་ཞེས་པ་དེས་སོར་བཅུ་འདབ་མས་སྐྱེས་སུ་བཏེགས་ཏེ་ཕུལ།

Advertisements

དགོངས་ཚུལ་ཞོགས།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out / བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out / བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out / བཟོ་བཅོས། )

Connecting to %s