མདོ་སྔགས་ཟུང་འབྲེལ་གྱི་དོན་ལ་བསམ་པ།

    མ་རྒྱུད་ཐུགས་རྗེ་ཉི་མའི་ཐར་ལམ་རིན་པོ་ཆེའི་ཐེམ་སྐས་ཀྱི་འགྲེལ་བ་ལྡི་ལིའི་དཔར་མ་ཤོག་ངོས་769 ལས། “དེ་ཡང་མདོ་མཛོད་འདུལ་བ་གསུམ་གྱི་རྗེས་སུ་འབྲེང་ནས་ལས་རྒྱུ་འབྲས་ཐམས་ཅད་མིག་གི་འབྲས་བུ་བཞིན་དུ་འཚོ་བ། ཐེག་ཆེན་གསང་སྔགས་ཀྱི་རྗེས་སུ་འབྲེང་ནས་དམ་ཚིག་རང་གི་སྲོག་བས་གཅེས་པར་བསྲུང་བ། ཁྱད་པར་དུ་ཡང་གསང་བ་སྨིན་གྲོལ་བླ་ན་མེད་པའི་རྗེས་སུ་འབྲེང་ནས་སྟོང་ཉིད་ལམ་གྱི་དུས་ན་ཚད་མེད་བཞི་ལ་རྒྱུན་ཆད་མེད་པར་སྤྱོད་ནུས་པ། ན་སོ་ན་ཁན་གྲུས་ལ་སྙོག་པས་གཞི་ཐེག་པ་ཆེན་པོ་དེས། ཚུར་ལྷུན་གྲུབ་ཏུ་ཁྱབ་ནས་འབྱུང་བས། འདེགས་པ་ཐེག་པའི་ཁྱད་ལ་གང་ཡང་སྟོར་བ་མ་ཡིན་ནོ། །གཅིག་པོ་དེ་ལ་གཏུག་པའི་ཐབས་ཡིན་ནོ། །”

ཞེས་མདོ་སྔགས་ཟུང་འབྲེལ་ཞེས་པའི་དོན་ཇི་ལྟར་ལག་ལེན་བྱེད་པའི་ཚུལ་གསུངས་ཡོད། དོན་འདི་ལ་བོན་གྱི་འཁོར་ལོ་བཞི་ཉམས་སུ་ལེན་ཚུལ་ལ་སྦྱར་ནས་མདོ་སྔགས་ཟུང་འབྲེལ་གྱི་རྣམ་བཤད་ཀྱང་ཡོད་དེ། ལྟ་བ་ཡས་ནས་མས་དབུབ། ཅེས་ཐེག་པ་གོང་མ་སྔགས་སེམས་ཀྱི་ལྟ་བ་ཐུན་མོང་བ་མ་བཅོས་རང་ལུགས་སུ་བཞག་པའི་གནས་ལུགས་དེ་ཙམ་ལྟ་བ་ཐམས་ཅད་ནས་མཐར་ཐུག་ཏུ་བདམས་ཏེ། ཞེན་མེད་འཛིན་མེད་ཀྱི་དགོངས་པ་ངང་གིས་སྐྱོང་བ་དང་། སྤྱོད་པ་ནི་གདུལ་བྱ་འདུལ་བའི་ཐབས་ལམ་དེ་གདུལ་བྱ་ཐུན་མོང་གི་སྣང་ངོར་འཆར་བའི་ལེགས་སྤྱོད་ལ་འཇུག་པ་ཡིན་ཞིང་དེ་ཡང་མདོ་མཛོད་འདུལ་བ་ནས་ཇི་ལྟར་གདམས་པ་ལྟར་ལས་རྒྱུ་འབྲས་དང་། དགེ་སྡིག་གི་སྤང་བླང་། སྲུང་ཁྲིམས་ཀྱི་རྩ་ལག་རྣམས་མིག་འབྲས་བཞིན་གཅེས་པར་བསྲུངས་ཤིང་སྙིང་རྗེ་ཆེན་པོས་གཞི་བཏིང་ནས་སེམས་ཅན་ལ་འཚེ་བ་མེད་པའི་སྤྱོད་པ་དང་དུ་ལེན་པ་དང་། སྤྱོད་པ་དེ་ཇི་ལྟར་ཉམས་སུ་ལེན་པའི་ཐབས་ལམ་དུ་ཕ་རོལ་ཕྱིན་པ་བཅུ་ལ་འཇུག་པ་སྟེ། སྦྱིན་པ་གཏོང་བ་དང་། ཚུལ་ཁྲིམས་སྲུང་བ། བཟོད་པ་སྒོམ་པ་སོགས་མདོར་ན་ཕར་ཕྱིན་བཅུ་ཡི་དགེ་ཚོགས་ཇི་སྙེད་བསྒྲུབ་པའི་ཚུལ་དེ་རྣམས་གང་ཟག་གཅིག་གིས་མཐའ་གཉིས་སུ་མ་ལྷུང་བའི་སྒོ་ནས་སྐབས་བསྟུན་ཉམས་ལེན་བྱེད་པའི་ཚུལ་དེར་མདོ་སྔགས་ཟུང་འབྲེལ་ཞེས་འབོད་པར་སྣང་། ཚུལ་འདི་ལྟ་བུ་ནི་གོང་དུ་མ་རྒྱུད་ནས་དྲངས་པའི་ལུང་གི་དགོངས་པ་དང་མཐུན་པས་ན་མདོ་སྔགས་ཟུང་འབྲེལ་གྱི་གོ་དོན་དང་ཕྱག་རྒྱ་བཞི་ཡི་ཉམས་ལེན་གྱི་གོ་དོན་གཉིས་གནད་གཅིག་ཏུ་འབབ་པར་སེམས་སོ། །འོ་ན་དེ་འདྲའི་གང་ཟག་དེ་འདུལ་བ་པ་དང་། སྔགས་པ། རྫོགས་ཆེན་པ་གསུམ་ཀ་ཡིན་ནམ་ཞེ་ན། དེ་ནི་འདི་ལྟར་ཏེ། ཕྱི་ལྟར་ན་གཡུང་དྲུང་གཙུག་གཤེན་རྒྱལ་བའི་རྗེས་སུ་འབྲངས་ནས་འདུལ་བ་པའི་ཆ་བྱད་བཟུང་བས་སྐབས་ཀྱི་གདུལ་བྱའི་ངོར་གདུལ་བ་པ་ཡིན་པ་ཁས་བླངས་ཀྱང་སྐྱོན་མེད་ལ། ནང་ལྟར་གསང་སྔགས་པའི་ངོར་གསང་སྔགས་ཀྱི་ལྟ་སྤྱོད་དང་མི་མཐུན་པའི་ཉེས་ཚོགས་ཀྱི་དྲི་མ་གང་གིས་ཀྱང་གོས་པ་མེད་པ་མ་ཟད་གསང་སྔགས་ཀྱི་དམ་ཚིག་ལ་འགལ་འཁྲུལ་དང་ཉམས་ཆགས་བྱུང་བ་མེད་པའི་ཕྱིར་ན་གདུལ་བྱ་དེའི་སྣང་ངོར་གསང་སྔགས་པ་ཡང་ཁས་ལེན་དུ་རུང་སྙམ། གྲུབ་མཐའ་མཐར་ཐུག་གི་དབང་དུ་བྱས་ན་གང་ཟག་དེར་རྫོགས་ཆེན་གྱི་ལྟ་སྤྱོད་འདེག་པའི་བློ་སྟོབས་རང་རྒྱུད་ལ་ཡོད་པའི་ཕྱིར་ན་གང་ཟག་དེ་རྫོགས་ཆེན་པ་ཡིན་པ་ལས་སྔགས་པ་མིན་ལ། མདོ་པ་སྟེ་སྤོང་ལམ་པ་ཡང་མིན། ད་དུང་རྒྱུ་མཚན་གཞན་དུ་གང་ཟག་དེར་ཐེག་པ་འོག་མའི་ལེགས་སྤྱོད་ཀྱི་ཡོན་ཏན་ཀུན་མ་སྤངས་མ་བསྒྱུར་བར་འབད་མེད་ལྷུན་གྲུབ་ཏུ་ངང་གིས་རྫོགས་པ་ཡིན་ཡང་གྲུབ་མཐའ་འོག་མའི་ལྟ་སྤྱོད་འདེག་པའི་བློ་སྟོབས་དེ་ཉམས་སུ་བླང་བྱའི་མཆོག་ཏུ་མི་བཟུང་བའི་ཕྱིར་ན་སྤོང་ལམ་པ་ཡིན་པར་ཐལ་བའི་སྐྱོན་དང་། སྔགས་པ་ཡིན་པར་ཐལ་བའི་སྐྱོན་འགེལ་ས་མི་འདུག་གོ། །མཚན་གཞི་དཔེ་རུ་བཟུང་བའི་དབང་དུ་བྱས་ན་སྟོན་པ་ཁྲི་གཙུག་རྒྱལ་བ་དང་། རྒྱལ་བ་མཉམ་མེད་ཆེན་པོ་གཙོས་སྔགས་སེམས་འདུལ་མཛོད་ཐུན་མོང་གིས་རྒྱུད་ཐུལ་ཞིང་ཉམས་ལེན་གནང་བའི་སྐྱེས་བུ་མཆོག་གྱུར་རྣམས་ལ་ངོས་འཛིན་གནང་འོས་སོ་སྙམ། འོན་ཀྱང་གང་ཟག་སྒེར་གྱི་ཉམས་ལེན་གནང་སྟངས་ཀྱི་ཆ་ནས་མདོ་སྔགས་ཟུང་དུ་སྦྲེལ་བ་ཡིན་ཡང་གཞུང་ལུགས་ཀྱི་ཆ་ནས་མདོ་སྔགས་ཟུང་འབྲེལ་ཞེས་གཞུང་ཞིག་ངོས་འཛིན་རྒྱུ་དཀའ་འོ། །

      དེས་ན་སྔགས་རྫོགས་ཉམས་ལེན་གནང་མཁན་ལས་ཐེག་པ་འོག་མ་བ་རྣམས་མདོ་སྔགས་ཟུང་འབྲེལ་གྱི་ཉམས་ལེན་ལ་མཇུག་མི་ཐུབ་པས། འོག་མ་བ་རྣམས་ཀྱིས་མདོ་སྔགས་ཟུང་འབྲེལ་ཞེས་པའི་གོ་དོན་ལ་རྣམ་པར་དཔྱད་ཚེ། མདོ་སྔགས་ཐུན་མོང་གི་སྤྱོད་ཚུལ་ཙམ་ལ་ངོས་བཟུང་ནས་རྔ་བརྔུང་བ་དང་། གཏོར་བ་བཅའ་བ། སྔགས་བཟླ་བ། དེ་བཞིན་འདུལ་ཁྲིམས་བསྲུང་བ། ཕར་ཕྱིན་བཅུ་ཡི་ལས་སྤྱོད་བསྒྲུབ་པ་ཙམ་ལ་མདོ་སྔགས་ཟུང་འབྲེལ་ཞེས་ངོས་འཛིན་པ་ལས་ལྟ་བ་ཡས་ནས་མར་དབུབ་པའི་གོ་རྟོགས་དེ་ད་དུང་སེམས་ཀྱི་ཉམས་ལེན་ལ་སླེབས་ཐུབ་མེད་པས་གང་ཟག་དེས་མདོ་སྔགས་ཟུང་དུ་སྦྲེལ་མི་ནུས། འོ་ན་མདོ་དྲི་མེད་སོགས་ནས་བོན་རྟགས་ཕྱག་རྒྱ་བཞི་གསུང་འདུག་པས་དོན་དེ་ཉམས་ལེན་བྱེད་པའི་སྤོང་ལམ་པ་མེད་དམ། གལ་སྲིད་ཡོད་ན་སྤོང་ལམ་པ་དེས་ལྟ་བ་ཡས་ནས་མར་དབུབ་སྟངས་ཇི་འདྲ་ཞེ་ན། དེ་ནི་ཐེག་པ་རང་རང་ལུགས་ལ་འབྲེལ་ཚུལ་རེ་འབྱུང་བས་སྒྲ་མཐུན་པ་ཀུན་གྱིས་ཁས་ལེན་རིགས་ཀྱང་དོན་དུ་ལྟ་བའི་སྒོ་ནས་ཁྱད་པར་སོ་སོ་ཡོད་པ་ལྟར་ཐེག་པ་རང་རང་ལ་ལྟོས་པའི་འབྲེལ་ཚུལ་ཙམ་ལས་མདོ་སྔགས་ཟུང་འབྲེལ་ཞེས་པའི་དོན་ངོ་མ་དེ་ཁས་ལེན་མི་ནུས་པར་སེམས་སོ།། །།

Advertisements

དགོངས་ཚུལ་ཞོགས།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

Connecting to %s