མེ་ལོང་འཚོལ་བ།

མེ་ལོང་བདུན་པོའི་ངོ་བོ་འཚོལ་འདོད་ན། །སེམས་ཀྱི་ཁ་ཞབས་བསློགས་ནས་ལྟོས་དང་གསལ། ། 

༡༽ཉིན་གཉིས་རིང་མུན་ཁྲོད་དེར་ཉི་མ་འོད་ཅན་ཞིག་ཤར་སོང་། ནམ་མཁའི་སྤྲིན་པ་ཁྲ་ཁྲོལ་གྱིས་སྣང་བ་གསལ་ལམ་མེ་བ་འདི་འགེབ་བཞིན་འདུག་ཀྱང་ཉི་འོད་ལ་ཕྱི་ནང་མེད་པས་བར་སྣང་གི་སྟོང་ཆ་འོད་ཟེར་གྱིས་བཀང་སོང་། འོད་ཀྱི་ཉག་མ་མང་ཡང་ཐིག་ལེ་རྐང་གཅིག་ཏུ་འདུས། ཐིག་ལེའི་འོད་མདངས་རེ་ལ་མེ་ལོང་གི་གཟུགས་བརྙན་རེ་ཤར་བས་ཐིག་ལེ་གཅིག་ལ་མེ་ལོང་ལྔ་དང་བདུན་གྱི་གཟུགས་རྣམ་དང་འོད་ཟེར་འཕྲོ་བཞིན་འདུག མེ་ལོང་དེར་ཕྱི་ནང་དང་ཁ་ཞབས་མེད་པས་གང་ནས་བལྟས་ན་དེ་ན་གཟུགས་བརྙན་འཆར་྄བའི་ལན་ཀ་ཡོད་ཕྱིར་མི་རྣམས་ཀྱིས་མེ་ལོང་དེར་གཟབ་བལྟ་བྱེད། འོན་ཀྱང་ཁོང་ཚོས་མེ་ལོང་དེ་ཚུར་སྣང་ཞིག་ཏུ་བརྩིས་ནས་མིག་གིས་ལྟ་བ་དང་། ལག་པས་རེག་ནས་རིན་ཐང་མཇལ་ཐུབ་པའི་རེ་བ་བྱེད།

༢༽ད་དུང་མེ་ལོང་དེའི་ཁ་དོག་འཚོལ་མཁན་འགའ་ཞིག་གིས་ཤར་ལྷོ་ནུབ་བྱང་བརྒྱུད་ནས་བླ་མ་དང་དགོན་པའི་ནང་དུ་ཅི་ཞིག་བོར་སོང་བ་དང་གང་ཞིག་ལུས་སོང་བ་ལྟར་བྱེད་ནས་ཉུལ་བཞིན་ཡོད། མེ་ལོང་དེ་ཕྱག་ཏུ་འཆང་བའི་ལྷ་སྲས་རྣམས་ཀྱིས་ཀྱང་མེ་ལོང་དེ་གཅེས་ནོར་ཞིག་ཏུ་བཟུང་ནས་འཛམ་གླིང་གི་གྲུ་ཟུར་གང་སར་འོད་མདངས་ངོམས་བཞིན་རྒྱང་གྲགས་དང་དཔག་ཚོད་སྐྱོད་བཞིན་སྣང་། དེ་ལྟར་ཁ་སང་དེ་རིང་གཉིས་ལ་གཡུང་དྲུང་གི་གསས་ཤིག་གིས་ཀྱང་ང་ཚོ་ལ་ཡོད་པའི་སེམས་ཀྱི་མེ་ལོང་བདུན་ཚར་ཞིག་གི་ཆེ་བ་དང་རིན་ཐང་དེ་གླེང་སོང་། མེ་ལོང་ལ་དགའ་བའི་མི་རྣམས་ཀྱིས་ལམ་ཐག་དཔག་ཚད་བརྒྱ་ཕྲག་དང་སྟོང་ཕྲག་བརྒྱུད་ནས་མེ་ལོང་ཀྱི་རིན་ཐང་འཚོལ་སྙེགས་ཆེད་དུ་འོང་བཞིན་འདུག །ཁ་སང་ཡང་གཡུང་དྲུང་གི་ཟེར་ཐིག་ཕོག་པའི་མེ་ལོང་བདུན་པོའི་འོད་ཟེར་གྱི་ཉག་ཐག་ལ་སེམས་དང་ལག་པས་འཇུ་མཁན་མི་གྲངས་སུམ་ཅུ་ལྷག་གིས་ང་ཚོའི་མེ་ལོང་ལ་རེ་སྒུག་བྱས་ནས་འདུག །

༣༽ མེ་ལོང་དེ་ངོ་ཤེས་མཁན་རྣམས་ཀྱིས་བཤད་ན་ད་བར་མེ་ལོང་དེའི་རིན་ཐང་ཤོད་མཁན་མང་ཡང་མེ་ལོང་གི་ཁ་གཏིང་ཕྱི་ནང་མེད་པའི་རིན་ཐང་ཞིབ་ཚགས་མཇལ་མཁན་དཀོན་སོང་ཟེར། བལྟས་ཚོད་ལ་ཁོང་ཚོ་ལ་ཡོད་པའི་མེ་ལོང་གྲུ་བཞི་ཟུར་གསུམ་དང་། ཟངས་གསེར་ལྕགས་སོགས་ལས་བརྡུང་ནས་བཅོས་པའི་མེ་ལོང་ཡ་མཚན་ཅན་དེ་ཚོ་ཡང་ང་ཚོའི་མེ་ལོང་ལས་རིན་ཐང་ཆུང་བ་ཡིན་པ་རྟོགས་འདུག་པའི་ཚོར་སྣང་བྱུང་། གང་ལྟར་ཁོང་ཚོ་ལ་དགོས་པ་ནི་མེ་ལོང་གི་གཟུགས་བརྙན་ཡིན་ཀྱང་ཁ་སང་དེ་རིང་མེ་ལོང་དངོས་ལ་ཉེ་བར་བཅར་ནས་མེ་ལོང་གི་ངོ་བོ་འཚོལ་བཞིན་འདུག དེས་ན་སྔོན་གྱི་རིག་འཛིན་ཐོར་ཅོག་ཅན་ཞིག་གིས་ང་ཚོར་ལེགས་སྐྱེས་གནང་བའི་སེམས་ཀྱི་མེ་ལོང་བདུན་པོའི་རིན་ཐང་ལ་ཉམས་རྒྱུ་མི་འདུག་ལ། ཁ་དོག་ལ་འཕེལ་འགྲིབ་མེད་པས་དེང་འདིར་འཛམ་གླིང་གི་སྒང་གཤོང་གང་ས་ནས་འོད་ཟེར་དང་བཀྲག་མདངས་འཚེར་བཞིན་འདུག་གོ།

ཅེས་ཕྱི་ལོའི་༢༠༡༤ཟླ་༡༡ཚེས་༡༤།དགོང་མོ་དང་༡༥གཉིས་ལ་མཁན་རིན་པོ་ཆེ་ལུང་རྟོགས་བརྟན་པ་གཡུང་དྲུང་མཆོག་གིས་རྫོགས་ཆེན་ཉམས་ལེན་གནང་མཁན་སློབ་མ་རྙིང་པ་རྣམས་ལ་རྫོགས་ཆེན་མེ་ལོང་བདུན་པའི་ཉམས་ཁྲིད་བཀའ་དྲིན་བསྐྱངས་པའི་གནས་ཚུལ་གྱི་དོད་དུ་མེ་ལོང་ཞེས་སུ་འབོད་པས་བྲིས།

Advertisements

དགོངས་ཚུལ་ཞོགས།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out / བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out / བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out / བཟོ་བཅོས། )

Connecting to %s