མཐོང་སྣང་ཟོལ་གྱིས་བཅོས་ན་འདི་ལྟར་རེད།

འདོད་ཡོན་སྲོག་ལ་བརྩིས་པའི་ནོམ་པ་ཞིག ། རྟོག་ཚོགས་འབུམ་ཕྲག་སྤུངས་པའི་གཟུགས་སུ་འགྱིང་། ། ཆེ་དགུས་འཚོ་བ་སྐྱེལ་བའི་གསེབ་ཀ་རེར། ། རྣམ་ཤེས་ཁྲི་མ་འབུམ་གྱིས་འུར་སྒྲ་སྒྲོགས། ། ང་ཡང་ལས་ཀྱི་རླུང་བུས་ཤར་ནས་དེད། ། དམུ་ཡི་ཐག་པར་འཇུས་པའི་གསོན་པོ་འགས། ། སྐར་ལྔའི་བ་གམ་བརྩེགས་པའི་ཐོག་དྲངས་ཀྱང་། ། སྒོ་གསུམ་དལ་དུ་འཇུག་པའི་དུས་ཚོད་ཐུང་། ། གསེར་དངུལ་ཟངས་ལ་འཕོང་ཚོས་གཏུག་མཁན་རྣམས། ། དྲེགས་སེམས་ལྕགས་ལ་བརྡུང་བའི་ངར་ཤུགས་ཀྱིས། ། དུག་ཚེར་མེ་ཏོག་རྣམས་ཀྱང་ལྷར་བརྫུས་ནས། ། དྲི་ཟའི་དབྱངས་ཀྱིས་གཞན་རྟེན་དབང་པོ་འཕྲོག ། དབང་ལྔར་འཇའ་ཚོན་ཤར་བའི་ལྷ་མོ་ཡིས། ། སྣ་ཚོགས་འདོད་ཡོན་བཤམས་པའི་སྡེར་ཁའི་ཐོག ། རོ་བརྒྱའི་བྲོ་བ་སྤུངས་ནས་གར་སྒྱུར་དུས། ། འཛམ་བྷ་ལྷ་ཡང་རྔུལ་ནས་འགྲམ་ཆུ་ལྡང་། ། གསེར་གྱི་ཉ་རྣམས་རང་གནས་མི་ཐུབ་པར། ། ཁྱིམ་གྱི་གྲུ་ཟུར་རེ་ཡི་ཤེལ་ཁང་ནང་། ། སྟེང་འོག་དྲུག་འགྱུར་རྒྱག་བཞིན་མགྲོན་པོ་ཡི། ། སྣང་བརྙན་ལོངས་སུ་སྤྱོད་རེའི་འདོད་པ་ངོམས། ། འཇིག་རྟེན་གླིང་ཁ་འགྲིམས་པའི་གནོད་སྦྱིན་ཚོགས། ། ཚོད་མེད་འདོད་པས་སྨྱོས་ནས་རྫིང་བུའི་ནང་། ཉིན་རེར་དུས་དྲུག་མགོ་ལུས་སྦངས་ན་ཡང་། ། ད་དུང་ཆང་དང་རག་ལ་མཆུ་ཏོ་སྲུབ།  ། འཕྲུལ་གྱི་རྐང་ལག་བཙུགས་པའི་མཐོང་འཁོར་རེར། ། འདོད་ལྔའི་ར་བར་ཚུད་པའི་གཡག་རྒན་ཁྱུས། ། ལུས་ཀྱི་རྩལ་འགྲན་བྱེད་པའི་ངང་ཚུལ་འདིས། ། འདོ་ད྄ུག་རྟ་ཕོ་རྣམས་ལ་སྐྱེངས་པ་སྟེར། །…

འོད་ཟེར་འཇའ་ལམ།

དམར་སེར་མཚམས་སྤྲིན་གྱིས་འཁྱུད་པའི། ། ལྷ་གཅིག་ཉི་མ་གཞོན་ནུའི་སྐུས། ། གླིང་བཞིའི་མུན་པ་སེལ་བཞིན་དུ། ། ཟླ་བའི་འགྲོས་དང་བསྡེབས་ནས་ཕེབས། ། སྣང་བ་དམ་ལ་མ་བཏགས་ན། ། སྤྱོད་པ་ལང་ལ་ཤོར་ཉེན་པས། ། སྙིང་རྗེའི་གཟུགས་ཀྱི་ཞལ་སྒོ་ནས། ། གཤེན་རབ་བོན་དབྱངས་ལྷུག་ལྷུག་བརྡོལ། ། དེ་ལྟར་ཐར་པའི་ལམ་སྟེགས་སུ། ། སྐྱེ་མེད་ཨ་ཡི་ཁྲིད་བཏབ་ཅིང་། ། དྲན་འཛིན་ཤེས་པ་སྒྲར་བཅུག་ནས། ། སྒོ་གསུམ་འཇུག་སྒོ་བོན་ལ་བསྲེས། ། ལྟ་བའི་ནམ་མཁའ་རྒྱ་ཆེ་ཞིང་། ། སྤྱོད་པའི་ས་གཞི་ཁོད་སྙོམས་པས། ། སྙིང་རྗེའི་ཆུ་ཆེན་གར་འབྲུབ་ཀྱང་། ། ཐབས་མཆོག་ནོར་ལ་སྤྱོད་པ་བདེ། ། སྣང་བ་ཟ་ཟི་བན་བུན་ལ། ། ལྷ་མཐོང་འདྲེ་མཐོང་མོད་ན་ཡང་། ། སེམས་ཀྱི་ནམ་མཁའི་ཁ་ཞབས་ལ། ། གང་ཤར་ཆུ་ཟླ་མིན་ནམ་ཅི། ། ཏིང་འཛིན་ཞགས་པའི་ཐག་སྣེ་ལ། ། ལོངས་སྤྱོད་གཟུགས་སུ་མ་བཏགས་ན། ། སེམས་ཀྱི་དེ་ཉིད་ལྷ་ཞལ་ཡང་།  ། ང་དང་རྒྱུན་དུ་འགྲོགས་འདུག་སྐད། ། དེ་ལྟའི་གདམས་པའི་གླུ་དབྱངས་ཀྱིས། ། ཉིན་གསུམ་བོན་སློབ་བརྒྱ་ཕྲག་འགའ། ། འཁོར་བའི་གཡང་ལུགས་ཕུད་དང་ལྷན། ། དག་པའི་ཞིང་ཁམས་ལན་གཅིག་ཉུལ།…

འཇིག་རྟེན་འདིར།

གྲུ་བཞི་ཁང་པ་ཡི་བང་རིམ་ངོམས་ཐེས། འཁོར་ལོ་ཆེ་ཆུང་གིས་ཆིབས་ཁ་འགྲན་སོང་།། བརྙན་འཕྲིན་རྒྱང་སྒྲོག་གིས་འདོན་པ་གྱེར་འོང་།། དུས་རབས་གསར་པ་ཡི་རང་མདངས་མངོན་གིན།། འཛིན་རྟོག་རང་ཁ་མའི་སྦུག་ལམ་དོག་སོང་།། ཕྱོགས་ཞེན་རུ་ཏྲ་ཡི་མེ་དཔུང་ཚ་འདུག། མཆོག་དམན་དབྱེ་འབྱེད་ཀྱི་སྤུ་གྲི་རྣོ་བཞག། རང་གཤིས་ངོ་མ་དེ་བལ་ནང་རྡོ་འདྲ།། བརྒྱ་ཁ་གཅིག་ཆོད་ཀྱི་ལམ་ཆེན་ཡིན་ཞེས།། ང་རྒྱལ་རང་མཐོང་གི་ཆེ་བརྗོད་གླེང་སོང་།། འགྲན་རྩོད་རང་ཤེད་ཀྱིས་བང་ཁ་ངོམ་དུས།། མཐུན་སྒྲིལ་དར་ཐག་གི་སྲ་སྙི་ཤེས་སོང་།། གནམ་འོག་འཇིག་རྟེན་གྱི་ལུགས་སྲོལ་མང་ཡང་།། གཅིག་ཁ་གཅིག་བསྒྱུར་གྱི་བྱ་ངན་མོད་པས།། ཞི་བདེ་ལྷིང་འཇགས་ཀྱི་ཞིང་ཁམས་ཤིག་ཏུ།། བདེ་བར་གནས་པ་ཡི་གནས་ལུགས་མ་རྙེད།། མཁས་མཛངས་རྟུལ་ཕོད་ཀྱི་སྙིང་སྟོབས་ཆེ་ཡང་།། སྣོད་བཅུད་ཁོར་ཡུག་ལ་རན་ཚོད་མེད་ན།། དཀར་ནག་ལས་འབྲས་ཀྱི་གོ་ས་ནོར་ནས།། འཁྲུག་རྩོད་ཐན་པ་ཡི་མེ་ཆེན་འབར་སྲིད།། ཀུན་སྙོམས་ཉི་མ་ཡི་སྤྱོད་པ་ཁུར་ནས།། གནས་ལུགས་རྒྱུ་མཚན་གྱི་གླིང་བུ་འབུད་ན།། རྒྱུ་འབྲས་དྲང་བཞག་གི་ལམ་སྣེ་རིག་ནས།། མི་མཆོག་ནོར་བུ་ཡི་རང་མདངས་མངོན་ཡོང་།། རང་གཞན་གཉིས་འཛིན་གྱི་འཆིང་ཐག་མཁྲེགས་པོས།། རྒྱལ་སྲས་སྤྱོད་པ་ཡི་ཁུར་པོ་ལྕི་མོ།། ཐེག་པའི་ངར་ཤུགས་ལ་མཉེན་ཆ་མེད་ཚེ།། ཕྱོགས་ཞེན་འགག་རོང་གི་གཡང་ལ་ལྷུང་འགྲོ།། ཤེས་འཇོན་ནུས་གསུམ་གྱི་གསས་ཁང་དབུས་སུ།། རང་ཚུགས་བརྟན་པོ་ཡི་ཀ་ཆེན་བསླངས་ནས།། རྣམ་བཞིའི་མཛད་རྣམ་གྱིས་ཞི་བདེ་བསྐྲུན་ན།། རྒྱལ་ཐེབས་གསེར་ཁྲི་དེ་རང་ལག་ཡོད་དོ།། དགྲ་གཉེན་འདུ་ཤེས་ཀྱི་ཆགས་སྡང་གཡུག་སྟེ།། རང་སེམས་ནག་ནོག་ལ་དག་ཁྲུས་གནང་ནས།། སྐྱིད་སྡུག་འགག་རྩ་ཡི་མདུད་པ་ཞིག་ན།། ཆོས་ཀྱི་རིན་ཐང་གི་བདེ་སྐྱིད་རྙེད་སྲིད།།  ཕྱི་ལོ་༢༠༡༣ཟླ་ཚེས་ལ།

དེ་རིང་སྣང་ཁམས་འདི་འདྲ་དུས་ཀུན་མིན།

གཡུ་ཞུན་མཎྜལ་དྭངས་མའི་མཐོངས་རུམ་ནས། ། ལྷ་དང་ཉི་ཟླ་གཉིས་ལ་གྲོགས་སྦྲན་ཏེ། ། ལུས་ལ་གཤོག་པ་ཐོགས་ནས་མཁར་ལྡིང་སྐབས། ། སྔོ་སངས་བུ་མོས་དགའ་བའི་འཛུམ་ཞལ་བསྟན། ། ལྷ་བུ་ཞེ་བཞི་ཁུར་བའི་བྱ་ཆེན་ངས། ། ཀུན་མཐོང་རྒྱང་ཤེལ་བཟུང་ནས་ཕྱོགས་ཀུན་འཇལ། ། ས་གཞི་དོག་མོའི་ཁྱོན་ལ་མིག་བརྡ་འཕངས། ། འོག་གཞི་རྒྱ་མཚོའི་ཐོད་ནས་ལམ་ཞིག་གཏད། ། ལུས་ཀྱི་འཕར་ཤུགས་གཅིག་ནས་གཉིས་སུ་བསྐྱེད། ། མཐོན་པོའི་བྱ་ལམ་གོང་མར་དལ་གྱིས་སླེབས། ། སྤྲིན་དཀར་འདབ་མ་རྒྱ་མཚོའི་རུམ་དུ་ཉལ། ། གངས་རིའི་དབུ་འཕང་ནམ་མཁའི་མཐའ་ནས་ཟད། ། ཟས་སྐོམ་རླུང་ལ་བྱེད་པའི་དུས་ཚིགས་འདིར། ། ཤར་ནུབ་ཕྱོགས་ཀ་ནོར་བའི་ཞེད་ཅིག་དང་། ། སྟེང་འོག་མགོ་མཇུག་ལྡོག་པའི་སྐྲགས་ཤིག་གིས། ། སྒྱུ་མའི་གཟུགས་བརྙན་འདི་ལ་ཚོད་ཅིག་བླངས། ། ལུས་ཀྱི་སྒྲོ་གཤོག་སྤྲུག་པའི་ང་རོ་འདི། ། སེམས་ཀྱི་སྟོབས་སུ་གྱུར་པའི་ང་རྒྱལ་གྱིས། ། ལྷ་སྲིན་གཡེན་ཁམས་ཚོགས་ལ་ངོ་བསྟན་ཞོར། ། ཀླུ་དབང་རྒྱལ་པོའི་ཚོགས་ལ་འགྲན་ཞིག་བསླངས། ། ཀྱེ་ཧོ་ལྡིང་ཤོག་ཀླུ་སྲིན་མགོ་ཆེ་རྣམས། ། རླུང་གི་སྤུ་གྲི་གཡར་ནས་མཁར་འཕུར་ཤོགས། ། ཆར་གྱི་སྒྱོག་རྡོ་འཕེན་བཞིན་གདོང་ལང་ཤོགས། ། ང་ཚོའི་འཁོན་སེམས་རྙིང་པ་དེ་རིང་རྩོད། ། སྲིད་པའི་མིག་དང་ཟླ་བའི་ལྷ་མོ་གཉིས། ། སྐར་མའི་འཁོར་གཡོག་དང་བཅས་དཔུང་ལ་བྱོན། ། ལང་ཤོག་རྒོལ་ཤོག་ཀླུ་དང་སྲིན་སྡེའི་དམག ། བསྐལ་པའི་ཞེ་འཁོན་ཁུར་ནས་ཐོན་ལ་ཤོགས།…