དེ་རིང་སྣང་ཁམས་འདི་འདྲ་དུས་ཀུན་མིན།

གཡུ་ཞུན་མཎྜལ་དྭངས་མའི་མཐོངས་རུམ་ནས། །
ལྷ་དང་ཉི་ཟླ་གཉིས་ལ་གྲོགས་སྦྲན་ཏེ། །
ལུས་ལ་གཤོག་པ་ཐོགས་ནས་མཁར་ལྡིང་སྐབས། །
སྔོ་སངས་བུ་མོས་དགའ་བའི་འཛུམ་ཞལ་བསྟན། །

ལྷ་བུ་ཞེ་བཞི་ཁུར་བའི་བྱ་ཆེན་ངས། །
ཀུན་མཐོང་རྒྱང་ཤེལ་བཟུང་ནས་ཕྱོགས་ཀུན་འཇལ། །
ས་གཞི་དོག་མོའི་ཁྱོན་ལ་མིག་བརྡ་འཕངས། །
འོག་གཞི་རྒྱ་མཚོའི་ཐོད་ནས་ལམ་ཞིག་གཏད། །

ལུས་ཀྱི་འཕར་ཤུགས་གཅིག་ནས་གཉིས་སུ་བསྐྱེད། །
མཐོན་པོའི་བྱ་ལམ་གོང་མར་དལ་གྱིས་སླེབས། །
སྤྲིན་དཀར་འདབ་མ་རྒྱ་མཚོའི་རུམ་དུ་ཉལ། །
གངས་རིའི་དབུ་འཕང་ནམ་མཁའི་མཐའ་ནས་ཟད། །

ཟས་སྐོམ་རླུང་ལ་བྱེད་པའི་དུས་ཚིགས་འདིར། །
ཤར་ནུབ་ཕྱོགས་ཀ་ནོར་བའི་ཞེད་ཅིག་དང་། །
སྟེང་འོག་མགོ་མཇུག་ལྡོག་པའི་སྐྲགས་ཤིག་གིས། །
སྒྱུ་མའི་གཟུགས་བརྙན་འདི་ལ་ཚོད་ཅིག་བླངས། །

ལུས་ཀྱི་སྒྲོ་གཤོག་སྤྲུག་པའི་ང་རོ་འདི། །
སེམས་ཀྱི་སྟོབས་སུ་གྱུར་པའི་ང་རྒྱལ་གྱིས། །
ལྷ་སྲིན་གཡེན་ཁམས་ཚོགས་ལ་ངོ་བསྟན་ཞོར། །
ཀླུ་དབང་རྒྱལ་པོའི་ཚོགས་ལ་འགྲན་ཞིག་བསླངས། །

ཀྱེ་ཧོ་ལྡིང་ཤོག་ཀླུ་སྲིན་མགོ་ཆེ་རྣམས། །
རླུང་གི་སྤུ་གྲི་གཡར་ནས་མཁར་འཕུར་ཤོགས། །
ཆར་གྱི་སྒྱོག་རྡོ་འཕེན་བཞིན་གདོང་ལང་ཤོགས། །
ང་ཚོའི་འཁོན་སེམས་རྙིང་པ་དེ་རིང་རྩོད། །

སྲིད་པའི་མིག་དང་ཟླ་བའི་ལྷ་མོ་གཉིས། །
སྐར་མའི་འཁོར་གཡོག་དང་བཅས་དཔུང་ལ་བྱོན། །
ལང་ཤོག་རྒོལ་ཤོག་ཀླུ་དང་སྲིན་སྡེའི་དམག །
བསྐལ་པའི་ཞེ་འཁོན་ཁུར་ནས་ཐོན་ལ་ཤོགས། །

ཀིས་ཀིས་བསྭོ་བསྭོ་སྒྲ་བླ་ཝེར་མའི་ཚོགས། །
ལྟང་མ་དགྲ་ཡིས་བླངས་ན་གླགས་བཟོད་དམ། །
གསེེར་སྐྱེམས་གཡུ་བརྔན་ཕུལ་བའི་ངོ་སོ་ལ། །
ཆོ་འཕྲུལ་ནུས་པའི་བྱིན་ཞིག་མི་འབེབས་སམ། །

འཁོར་དུས་གཅིག་དང་ཕྱེད་ཀའི་བར་ཐག་ཏུ། །
ཟིང་ཟིང་འུར་འུར་གཉིས་ཀྱིས་གནམ་ས་བཀད། །
འོན་ཀྱང་གཤེན་རབ་རྣམ་རྒྱལ་འཁོར་བཅས་རྣམས། །
སྐད་ཅིག་མདུན་གྱི་ནམ་མཁར་ལྷང་ངེར་བཞེངས། །

སྣང་སྲིད་འཁྲུག་པ་སྡུམ་པའི་བཀའ་སྒོ་ཡིས། །
གཉིས་ཕན་ཞི་བདེའི་ཐང་ཆེན་མེ་ལོང་ངོས། །
བྱ་ཆེན་སྡེར་མོ་བགྲད་ནས་དོག་ལ་ཕབ། །
གཉན་སྲིན་གྲོགས་སུ་སྦྲེལ་བའི་ཐ་ཚིག་ཉན། །

དྲག་པོའི་སྐད་སྒྲ་ལྷིང་ལ་འཇགས་རྗེས་སུ། །
མངན་སེམས་གདུག་རྩུབ་སྙིང་ནས་ཞི་བ་དང་། །
སྤྲོ་དགའི་མེ་ཏོག་འཛུམ་པའི་དགའ་སྟོན་ལ། །
ཧ་ཧ་གད་མོའི་གླུ་དབྱངས་མཉམ་དུ་བླངས། །

ངག་འདི་མཁའ་ཀློང་དབྱིངས་ནས་འུར་ཡིན་པས། །
ལུས་འདི་འབྱུང་བཞི་བརྩེགས་པའི་ཁང་པར་ཐིམ། །
སེམས་འདི་རྒྱ་མཚོའི་ངོགས་སུ་ལྟེམ་མེར་འཁྱིལ། །
དེ་རིང་སྣང་ཁམས་འདི་འདྲ་དུས་ཀུན་མིན། །

ཞེས་མེ་ལོང་ཞེས་སུ་འབོད་པ་དེས་(Aeromar)ཞེས་པའི་མཁའ་གྲུའི་ནང་གི་ཉམས་སྣང་ཐད་ཀར་བྲིས་ཏེ་དེ་རིང་མཐའ་ཡས་རྒྱ་མཚོའི་ངོགས་དང་བསྡེབས་ནས་སྤེལ། ཕྱི་ལོ་༢༠༡༤ཟླ་༡༠ཚེས་༢༨ཉིན།

Advertisements

དགོངས་ཚུལ་ཞོགས།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

w

Connecting to %s