དེ་རིང་སྣང་ཁམས་འདི་འདྲ་དུས་ཀུན་མིན།

གཡུ་ཞུན་མཎྜལ་དྭངས་མའི་མཐོངས་རུམ་ནས། ། ལྷ་དང་ཉི་ཟླ་གཉིས་ལ་གྲོགས་སྦྲན་ཏེ། ། ལུས་ལ་གཤོག་པ་ཐོགས་ནས་མཁར་ལྡིང་སྐབས། ། སྔོ་སངས་བུ་མོས་དགའ་བའི་འཛུམ་ཞལ་བསྟན། ། ལྷ་བུ་ཞེ་བཞི་ཁུར་བའི་བྱ་ཆེན་ངས། ། ཀུན་མཐོང་རྒྱང་ཤེལ་བཟུང་ནས་ཕྱོགས་ཀུན་འཇལ། ། ས་གཞི་དོག་མོའི་ཁྱོན་ལ་མིག་བརྡ་འཕངས། ། འོག་གཞི་རྒྱ་མཚོའི་ཐོད་ནས་ལམ་ཞིག་གཏད། ། ལུས་ཀྱི་འཕར་ཤུགས་གཅིག་ནས་གཉིས་སུ་བསྐྱེད། ། མཐོན་པོའི་བྱ་ལམ་གོང་མར་དལ་གྱིས་སླེབས། ། སྤྲིན་དཀར་འདབ་མ་རྒྱ་མཚོའི་རུམ་དུ་ཉལ། ། གངས་རིའི་དབུ་འཕང་ནམ་མཁའི་མཐའ་ནས་ཟད། ། ཟས་སྐོམ་རླུང་ལ་བྱེད་པའི་དུས་ཚིགས་འདིར། ། ཤར་ནུབ་ཕྱོགས་ཀ་ནོར་བའི་ཞེད་ཅིག་དང་། ། སྟེང་འོག་མགོ་མཇུག་ལྡོག་པའི་སྐྲགས་ཤིག་གིས། ། སྒྱུ་མའི་གཟུགས་བརྙན་འདི་ལ་ཚོད་ཅིག་བླངས། ། ལུས་ཀྱི་སྒྲོ་གཤོག་སྤྲུག་པའི་ང་རོ་འདི། ། སེམས་ཀྱི་སྟོབས་སུ་གྱུར་པའི་ང་རྒྱལ་གྱིས། ། ལྷ་སྲིན་གཡེན་ཁམས་ཚོགས་ལ་ངོ་བསྟན་ཞོར། ། ཀླུ་དབང་རྒྱལ་པོའི་ཚོགས་ལ་འགྲན་ཞིག་བསླངས། ། ཀྱེ་ཧོ་ལྡིང་ཤོག་ཀླུ་སྲིན་མགོ་ཆེ་རྣམས། ། རླུང་གི་སྤུ་གྲི་གཡར་ནས་མཁར་འཕུར་ཤོགས། ། ཆར་གྱི་སྒྱོག་རྡོ་འཕེན་བཞིན་གདོང་ལང་ཤོགས། ། ང་ཚོའི་འཁོན་སེམས་རྙིང་པ་དེ་རིང་རྩོད། ། སྲིད་པའི་མིག་དང་ཟླ་བའི་ལྷ་མོ་གཉིས། ། སྐར་མའི་འཁོར་གཡོག་དང་བཅས་དཔུང་ལ་བྱོན། ། ལང་ཤོག་རྒོལ་ཤོག་ཀླུ་དང་སྲིན་སྡེའི་དམག ། བསྐལ་པའི་ཞེ་འཁོན་ཁུར་ནས་ཐོན་ལ་ཤོགས།…