མཐོང་སྣང་ཟོལ་གྱིས་བཅོས་ན་འདི་ལྟར་རེད།

འདོད་ཡོན་སྲོག་ལ་བརྩིས་པའི་ནོམ་པ་ཞིག །
རྟོག་ཚོགས་འབུམ་ཕྲག་སྤུངས་པའི་གཟུགས་སུ་འགྱིང་། །
ཆེ་དགུས་འཚོ་བ་སྐྱེལ་བའི་གསེབ་ཀ་རེར། །
རྣམ་ཤེས་ཁྲི་མ་འབུམ་གྱིས་འུར་སྒྲ་སྒྲོགས། །

ང་ཡང་ལས་ཀྱི་རླུང་བུས་ཤར་ནས་དེད། །
དམུ་ཡི་ཐག་པར་འཇུས་པའི་གསོན་པོ་འགས། །
སྐར་ལྔའི་བ་གམ་བརྩེགས་པའི་ཐོག་དྲངས་ཀྱང་། །
སྒོ་གསུམ་དལ་དུ་འཇུག་པའི་དུས་ཚོད་ཐུང་། །

གསེར་དངུལ་ཟངས་ལ་འཕོང་ཚོས་གཏུག་མཁན་རྣམས། །
དྲེགས་སེམས་ལྕགས་ལ་བརྡུང་བའི་ངར་ཤུགས་ཀྱིས། །
དུག་ཚེར་མེ་ཏོག་རྣམས་ཀྱང་ལྷར་བརྫུས་ནས། །
དྲི་ཟའི་དབྱངས་ཀྱིས་གཞན་རྟེན་དབང་པོ་འཕྲོག །

དབང་ལྔར་འཇའ་ཚོན་ཤར་བའི་ལྷ་མོ་ཡིས། །
སྣ་ཚོགས་འདོད་ཡོན་བཤམས་པའི་སྡེར་ཁའི་ཐོག །
རོ་བརྒྱའི་བྲོ་བ་སྤུངས་ནས་གར་སྒྱུར་དུས། །
འཛམ་བྷ་ལྷ་ཡང་རྔུལ་ནས་འགྲམ་ཆུ་ལྡང་། །

གསེར་གྱི་ཉ་རྣམས་རང་གནས་མི་ཐུབ་པར། །
ཁྱིམ་གྱི་གྲུ་ཟུར་རེ་ཡི་ཤེལ་ཁང་ནང་། །
སྟེང་འོག་དྲུག་འགྱུར་རྒྱག་བཞིན་མགྲོན་པོ་ཡི། །
སྣང་བརྙན་ལོངས་སུ་སྤྱོད་རེའི་འདོད་པ་ངོམས། །

འཇིག་རྟེན་གླིང་ཁ་འགྲིམས་པའི་གནོད་སྦྱིན་ཚོགས། །
ཚོད་མེད་འདོད་པས་སྨྱོས་ནས་རྫིང་བུའི་ནང་།
ཉིན་རེར་དུས་དྲུག་མགོ་ལུས་སྦངས་ན་ཡང་། །
ད་དུང་ཆང་དང་རག་ལ་མཆུ་ཏོ་སྲུབ།  །

འཕྲུལ་གྱི་རྐང་ལག་བཙུགས་པའི་མཐོང་འཁོར་རེར། །
འདོད་ལྔའི་ར་བར་ཚུད་པའི་གཡག་རྒན་ཁྱུས། །
ལུས་ཀྱི་རྩལ་འགྲན་བྱེད་པའི་ངང་ཚུལ་འདིས། །
འདོ་ད྄ུག་རྟ་ཕོ་རྣམས་ལ་སྐྱེངས་པ་སྟེར། །

དཀར་དམར་གློག་ཞགས་འཁྱུག་པའི་གར་ཁང་ནང་། །
མིག་མང་ཕྱག་ཆ་བྱེད་པའི་ལྷ་སྲས་རྣམས། །
གསེར་དངུལ་ཤོག་བུའི་མཆོད་པ་འབུལ་རེས་ངང་། །
ཉིན་མཚན་རེ་དོག་གཉིས་ཀྱིས་བཀའ་འཁོར་སྐོར། །

འོན་ཀྱང་ང་དང་སྟོན་པ་གཙོ་འཁོར་གཉིས། །
ལྷ་མོ་བརྒྱ་ཡིས་ཕྱག་ནས་འཇུས་པ་དང་། །
ཀླུ་མོ་སྟོང་གིས་ཞབས་ནས་བཏེགས་ཀྱང་རུང་། །
སྒོ་གསུམ་གཤིས་ལུགས་བོན་གྱི་ཆེ་བས་ཟིན། །

བཅོས་མེད་གཤིས་ལ་རྒོལ་བའི་སྣང་བ་མེད། །
སྣོད་བཅུད་ཕྱི་ནང་གཉིས་ལ་དབྱེ་བསལ་བྲལ། །
སྒྱུ་མའི་གཟུགས་བརྙན་འདི་ཡང་འཇའ་ཡིན་པས། །
འཛིན་མེད་སྣང་བའི་ཁ་དོག་གླུ་རུ་བཀུག །

ཅེས་མེ་ལོང་གིས་ཕྱི་ལོའི་༢༠༡༤ཟླ་༡༠ཚེས་༢༧ཉིན་(Hoteles Camino Real)ཞེས་པའི་ཐོག་རྩིག་སུམ་ཅུ་པའི་ཡང་ཐོག་གི་སྒོ་རྟགས་བཅོ་བརྒྱད་པའི་སྦུག་ནས་ཚིག་ལ་ཟོལ་པོའི་སྣང་བརྙན་ཅུང་ཙམ་སྤྲས་ཏེ་སྔར་བཞིན་སྤྲིངས། 

དགོངས་ཚུལ་ཞོགས།